མིག་སྔའི་གནས་ས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། / ལྷ་སར་སྐྱོད་པ། /  ལྷ་སའི་མཛེས་ལྗོངས། / མཛེས་ལྗོངས་ཁུལ་དང་པོ།

ལྗོན་ཤིང་གིས་བསྐོར་བའི་གྲོང་ཁྱེར་སྔར་བས་མཛེས་སྡུག་ལྡན།

ཁྱབ་བསྒྲགས་དུས་ཚོད། 2020-04-24 16:19
ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
ཆེ། འབྲིང་།ཆུང་།

—— ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་དང་བྱང་རིའི་སྤྱི་གླིང་སྐྲུན་པའི་སྐོར་བཀོད་པ།

    འདི་ནི་ཁ་བས་བཀླུབས་པའི་ལྷོ་རིའི་སྤྱི་གླིང་ཡིན་པ།

    སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་ནི་མི་དམངས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་པ་མ་ཟད། ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཆེན་པོ་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་རང་འགུལ་ངང་ལག་བསྟར་བྱས་པ་དང་། “ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་གཏོད་རྒྱུ”དེ་འཕེལ་རྒྱས་ཀྱི་འཐབ་ཇུས་ཨང་དང་པོར་བརྩིས་ནས“ལྷ་ས་གྲོང་ཁྱེར་གྱི་ཉེ་འཁོར་དང་དེའི་རི་ཀླུང་ཀུན་ཏུ་ཤིང་འཛུགས་ནགས་བཟོའི(སྔོ་ལྗང་གིས་བསྐོར་བའི་གྲོང་ཁྱེར)”འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་གྱིས་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད།

    ཞོགས་པ་ལྷོ་རིའི་སྤྱི་གླིང་དུ་ཆུ་བོ་ཤང་ཤང་དུ་རྒྱུག་ཅིང་། རྐང་ལམ་ཕྲ་མོ་རེ་རེ་ལྗོན་ཤིང་གསེབ་ཏུ་བསྒར་བས་སྤྱི་གླིང་གི་མགུལ་རྒྱན་ལྟར་དུ་སྣང་། ཤང་ཤང་དུ་རྒྱུག་པའི་ཆུ་མོ་དང་སྔོ་་ལྗང་ཡིད་དུ་འོང་བའི་ཡུལ་ལྗོངས་ནི་སྔར་བས་མཛེས་སྡུག་ལྡན། གྲལ་སྟར་སྒྲིག་པའི་རྒྱ་ལྕང་དང་། གསོམ་ཤིང་། སྦྱར་པ་སོགས་ཀྱི་ཤིང་སྣ་མང་པོའི་ཡལ་འདབས་སྔོ་ཐིང་ངེར་གནས་ནས་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས།

    ལོ་བརྒྱད་གོང་གི་རྣམ་པར་ཕྱིར་ལྟ་བྱས་ཚེ། སྐབས་དེ་དུས་ཀྱི་ལྷོ་རི་ནི་ས་རྒྱུ་ཞན་པ་དང་བྲག་རྡོས་ཁེངས་པའི་རི་རྒོད་ཅིག་རེད། 2012ལོར་ལྷ་ས་གྲོང་ཁྱེར་གྱིས“རི་སྟེང་དུ་ཤིང་འཛུགས་པའི”སྔོ་འགྱུར་ནགས་བཟོའི་འདུ་འགོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ས་བབ་མཐོ་ཚད་དང་ས་རྒྱུ་མི་འདྲ་བའི་ཡུག་ཁུལ་དུ་སྔ་རྗེས་སུ་དཔྱིད་དུས་དང་སྟོན་དུས་སུ་མི་ཐབས་ལ་བརྟེན་པའི་ནགས་བཟོའི་ཚོད་ལྟ་བྱེད་འགོ་བཙུགས་པ་མ་ཟད། ད་དུང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འབྱུང་ཁུངས་མི་འདྲ་བ་དང་གཞི་ཁྱོན་མི་འདྲ་བའི་སྡོང་རིང་ལྗོན་ཤིང་དང་ལྕུག་ཕྲན་སོགས་ཚོད་འདེབས་བྱས་ཏེ། ལྷོ་རིར་ཤིང་འཛུགས་ནགས་བཟོར་འཚམ་པའི་སྡོང་ཕྲུག་གི་རིགས་དང་། འདེབས་འཛུགས་ལག་རྩལ། གཡོག་བྱེད་བྱ་ཐབས་སོགས་འཚོལ་ཞིབ་བྱས་ཡོད། འདུ་འགོད་དེས་ཁྱོན་ནགས་བཟོ་མུའུ་3323བྱས་ཏེ་རིགས་ཁག་གི་སྡོང་ཕྲུག་རྐང་ཁྲི་75ལྷག་ཙམ་དང་ཁྱོན་རིགས་98འདེབས་འཛུགས་བྱས་ནས་ལྗོངས་ཡོངས་སུ་ས་བབ་མཐོ་ཚད་སྨི་3650ཡན་གྱི་སྐམ་ཁུལ་དང་ཕྱེད་སྐམ་ཁུལ་གྱི་རི་སྟེང་དུ་མི་ཐབས་ལ་བརྟེན་ནས་ནགས་བཟོ་མངོན་འགྱུར་ཐུབ་ཡོད།

    རི་སྟེང་དུ་ལྗོན་ཤིང་མང་པོ་ཡོད་པ་ཙམ་གྱིས་མི་འགྲིག་པར་ད་དུང་ལྗོན་ཤིང་གི་གསོན་ཚད་སྔར་བས་ཆེ་རུ་གཏོང་དགོས། ལྗོན་ཤིང་གསོན་ཚད་ཆེ་རུ་གཏོང་བར་རྗེས་མཐུད་ཀྱི་གཡོག་བྱེད་དང་ཁ་འབྲལ་ཐབས་མེད། དེར་བརྟེན་ལོ་ལྟར་དཔྱིད་ཀ་ས་དྲོད་སླེབས་རྗེས་གཟའ་འཁོར་རེར་ཆུ་ཐེངས་རེ་རྒྱག་དགོས། གཞན་ཡང་ད་དུང་ལྷ་སའི་སྨུག་ཕྱིའི་འོད་ཟེར་ཆེ་བ་དང་བརླན་བཤེར་རླངས་འགྱུར་བྱེད་མགྱོགས་པས་སྐབས་རེ་ལྗོན་ཤིང་ལ་འཚོ་བཅུད་ཀྱི་ཁུ་བ་ཡང་རྒྱག་དགོས། དེར་བརྟེན་བདག་སྐྱོང་ལས་མིས་སྔ་ཕྱི་མེད་པར་རི་སྟེང་དུ་བསྐྱོད་དེ་ལྗོན་ཤིང་གི་སྐྱེ་ཚུལ་ལ་ཞིབ་བཤེར་བྱས་ནས་ལྗོན་ཤིང་གསབ་འཛུགས་བྱེད་པ་དང་ཆུ་རྒྱག་པ་སོགས་བྱེད་ཀྱི་ཡོད། ལྷ་ས་གྲོང་ཁྱེར་གནས་མཆོག་སྣོད་བཅུད་གླིང་ཀུང་སིའི་འབྲེལ་ཡོད་འགན་འཁུར་བ་སྟོབས་ལགས་ཀྱིས་གསར་འགོད་པར། “ང་ཚོ་ཟླ་3ཚེས་8ཉིན་ནས་བཟུང་ལས་འགོ་བསྐྱར་དུ་བཙུཌ་པ་དང་། སྐྱེད་ཚལ་ལས་གྲུབ་མི་སྣའི་ངོས་ནས་བརྗོད་ན་དུས་ཚིགས་ལ་དམ་འཛིན་བྱ་རྒྱུ་གལ་ཆེན་པོ་ཞིག་ཡིན་པས་ང་ཚོས་ད་ཆ་ལྗོན་ཤིང་གསབ་འཛུགས་སོགས་ཀྱི་ལས་ཀ་བྱེད་བཞིན་ཡོད”ཅེས་བརྗོད།

    ལྷོ་རིར་ཤིང་འཛུགས་ནགས་བཟོའི་ཚོད་ལྟ་ལེགས་གྲུབ་བྱུང་རྗེས། 2018ལོའི་ཟླ་2པར་ལྷོ་རིའི་ཁ་སྤྲོད་ཀྱི་ལྷ་སའི་བྱང་རི་སྟེ་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འདམ་ར་ཁག་གཅིག་དང་བྱང་སྐོར་ལམ་གྱི་བྱང་ངོས་ཀྱི་དགོན་སྡེའི་ཉེ་འཁོར་གྱི་ས་ཁོངས་སུ་ཤིང་འཛུགས་ནགས་བཟོ་བྱེད་འགོ་བཙུགས་པ་དང་། དུས་ཐུང་ཟླ་བ་3གྱི་རིང་སྡོང་ཕྲུག་རྐང་64959བཏབ་ནས། རྒྱ་ཁྱོན་མུའུ་2651ཟིན་པའི་རི་སྟེང་དུ་ཤིང་ནགས་ཀྱིས་ཁེངས་པར་བྱས། རྒྱང་ནས་བལྟས་ཚེ་སྐས་རིམ་ལྟར་གྱི་སྔོ་འགྱུར་ལས་བྱང་སྐོར་ལམ་འདི་ཉིད་སྣོད་བཅུད་སྲུང་ཡོལ་ཞིག་ཏུ་གྱུར་ཡོད། མིག་སྔར་བྱང་རིའི་སྔོ་འགྱུར་རྣམ་གྲངས་ཚང་མ་གཡོག་བྱེད་ཀྱི་དུས་མཚམས་སུ་སླེབས་ནས་འདེབས་འཛུགས་བྱས་པའི་སྡོང་རྐང་གསོན་ཚད་95%ཡན་ཟིན་གྱི་ཡོད་པ་རེད།

    དཀའ་སྤྱད་འབད་འབུངས་བྱས་པ་ལས། གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་དེ། རི་སྟེང་དུ་ཤིང་འཛུགས་ནགས་བཟོ་བྱས་པ་དེས་ཐང་རྒོད་ནགས་ཚལ་དུ་གྱུར་པ་མ་ཟད། རིག་གནས་ཀྱིས་ཕྱུག་པའི་ལྷ་ས་འདི་ཉིད་དེ་བས་མཛེས་སྡུག་ལྡན་པར་གྱུར་པ་དང་ཆབས་ཅིག ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཐུབ་ནས་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་མ་ཐེབས་ཡོད། རི་སྟེང་དུ་ཤིང་འཛུགས་ནགས་བཟོ་བྱས་པ་དེས“སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་དེ་བས་གསོན་ཉམས་དོད་པོས་གསལ་འགྲེལ་ཐུབ་ཡོད།

    ས་བབ་མཐོ་བའི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་ལྷ་སའི་སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན་ཞིང་། ད་ཆ་ཐང་རྒོད་སྔོ་འགྱུར་གྱི་ཕུགས་འདུན་གྲུབ་ཡོད་ཀྱང་ཇི་ལྟར་བྱས་ཏེ་སྲུང་སྐྱོང་ཡག་པོ་དང་དེ་བས་བཀྲག་མདངས་འཚེར་བར་བྱ་རྒྱུ་ནི་མི་རབས་གསར་པའི་སྐྱེད་ཚལ་མི་སྣའི་ལས་འགན་རེད།

    ལྷ་སའི་རི་རྒོད་དུ་ཤིང་འཛུགས་ནགས་བཟོ་བྱེད་པ་ཕུད་གྲོང་ཁྱེར་ནང་ཁོངས་སུའང་ལྗོན་ཤིང་གིས་ཁེངས་ནས་སྔོ་ཐིང་ཐིང་དུ་གྱུར་པ་དང་འགྲོ་ལམ་གཡས་གཡོན་གྱི་ལྗོན་ཤིང་གི་བསིལ་གྲིབ་ཀྱིས་མི་རྣམས་ལ་ལུས་བདེ་སེམས་སྐྱིད་ཀྱི་ཚོར་སྣང་ཞིག་ངང་གིས་སྟེར་ཞིང་། སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་བཅོས་བྱུང་བ་དང་སྔོ་ལྗང་སྣོད་བཅུད་ཀྱི་ཐོན་ལས་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བཞིན་ཡོད་པ་རེད།


འགན་ཁུར་རྩོམ་སྒྲིག བསྟན་ནོར།

བཤེར་ནས་ལག་ཐོགས་ཁ་པར་གྱི་ཁ་ཕྱེ།