མིག་སྔའི་གནས་ས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། / ཆ་འཕྲིན་ཡོངས་བསྒྲགས། /  གསར་འགྱུར་འགུལ་རྣམ།

ཝུའུ་དབྱིང་ཅེས་ལྷ་སར་སློབ་གྲྭ་སློབ་འགོ་འཛུགས་པ་དང་སློབ་ཚན་སླར་གསོའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ...

ཁྱབ་བསྒྲགས་དུས་ཚོད། 2020-03-27 16:26
ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
ཆེ། འབྲིང་།ཆུང་།

 ཏིང་ཡེ་ཤན་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ།

    འདི་ནི་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་དང་དམའ་རིམ་སློབ་འབྲིང་གཉིས་པར་ཝུའུ་དབྱིང་ཅེས་དགེ་སློབ་རྣམས་སློབ་གྲྭར་ཡོང་སྐབས་ཀྱི་བདེ་ཐང་བརྟག་དཔྱད་དང་། མི་སྒེར་གྱི་འགོག་སྲུང་། ཁོར་ཡུག་དུག་སེལ། དྲ་ཐོག་སློབ་ཁྲིད། དགེ་སློབ་སློབ་གྲྭར་ཕྱིར་ལོག་བཅས་ཀྱི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་གནང་བཞིན་པ།

    ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དུས་བབ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། རིམ་ཁག་སློབ་གྲྭ་ཁག་གིས་ཀྱང་སློབ་འགོ་འཛུགས་པ་དང་སློབ་ཚན་སླར་གསོ་བྱ་ཆེད་གྲ་སྒྲིག་ཞིབ་ཚགས་བྱེད་བཞིན་ཡོད། ཚེས་24ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཁག་ཏུ་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། སློབ་འགོ་འཛུགས་པ་དང་སློབ་ཚན་སླར་གསོའི་གྲ་སྒྲིག་སོགས་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་རྒྱ་ཆེའི་དགེ་རྒན་དང་ལས་བཟོ་ཚོར་འཚམས་འདྲི་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

    ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་དང་དམའ་རིམ་སློབ་འབྲིང་གཉིས་པར་ཝུའུ་དབྱིང་ཅེས་རང་འགུལ་ངང་ཚ་བ་ལྟ་རུ་བཅུག་པ་མ་ཟད། དགེ་སློབ་རྣམས་སློབ་གྲྭར་ཡོང་སྐབས་ཀྱི་བདེ་ཐང་བརྟག་དཔྱད་དང་། མི་སྒེར་གྱི་འགོག་སྲུང་། ཁོར་ཡུག་དུག་སེལ། དྲ་ཐོག་སློབ་ཁྲིད། དགེ་སློབ་སློབ་གྲྭར་ཕྱིར་ལོག་བཅས་ཀྱི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་ཀྱང་གནང་བ་རེད། སློབ་གྲྭའི་རིམས་འགོག་དངོས་ཟོག་འདང་ངེས་ཡོད་པ་དང་། དུག་སེལ་ལས་དོན་ཡག་པོ་བྱུང་བ། དྲིལ་བསྒྲགས་ལས་དོན་དམིགས་སར་འབྱོར་བ་བཅས་མཁྱེན་སྐབས་ཝུའུ་དབྱིང་ཅེས་རྒྱ་ཆེའི་དགེ་རྒན་དང་ལས་བཟོ་ཚོས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་པར་བསྔགས་བརྗོད་གནང་ཞིང་། ཁོང་གིས་ཚང་མས་འགོག་སྲུང་ལ་སྣང་ཆེན་བྱེད་པ་དང་ཆབས་ཅིག་ཡིད་རྣལ་དུ་ཕབ་སྟེ། བློ་བདེ་བག་ཕེབས་ཀྱིས་སློབ་དུས་གསར་པ་འགོ་ཚུགས་པར་བསུ་བ་ཞུ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་། སློབ་གྲྭའི་འགན་འཁུར་བར་བསྒམ་ཞིང་ནན་པ་དང་། ཞིབ་ཅིང་ཕྲ་བ། ནན་ལ་ཚགས་ཚུད་བཅས་ཀྱི་སྒོ་ནས་འགོག་སྲུང་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། སློབ་གྲྭ་ཚུགས་གྲོལ་དང་། འཚང་གཡོལ་གྱིས་ཟ་མ་ཟ་བ། སླེབ་གསེང་དུ་ཆུ་འཐུང་བ། ཞག་སྡོད་སློབ་མར་དོ་དམ་སོགས་ལྷུ་ཚིགས་ཚང་མའི་ལས་དོན་ཞིབ་ཚགས་བསྒྲུབས་ཏེ། སློབ་མའི་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བ་དང་འཚོ་བར་འགན་ལེན་ཡོད་པར་བྱེད་དགོས་ཞེས་བཀའ་མངགས་གནང་བ་རེད།

    “ཁྱིམ་དུ་ཡོད་པའི་སློབ་མ་ཚང་མས་དྲ་ཐོག་སློབ་ཚན་ཉན་ཐུབ་པའི་འགན་ལེན་བྱེད་ཐུབ་བམ། དྲ་ཐོག་སློབ་ཚན་ཚང་མ་ངེས་སྦྱོང་སློབ་ཚན་ཤ་སྟག་ཡིན་ནམ”ལྷ་ས་མཐོ་འབྲིང་གསུམ་པའི་བོད་ཡིག་སློབ་དཔྱོད་ཁང་དང་ལྷ་ས་དམའ་འབྲིང་གཉིས་པའི་དངོས་ཁམས་ཚོད་ལྟ་ཁང་དུ་ཝུའུ་དབྱིང་ཅེས་སློབ་གྲྭའི་དྲ་ཐོག་སློབ་ཁྲིད་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་མ་ཟད། དྲ་ཐོག་སློབ་ཚན་གང་རུང་བདམས་ནས་གསན་པ་རེད།

    ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་འཛུགས་བྱས་ཏེ། གོ་རིམ་ལྡན་པའི་ངང་སློབ་འགོ་འཛུགས་པ་དང་བདེ་འཇགས་ལྡན་པའི་ངང་སློབ་ཁྲིད་བྱ་རྒྱུ་ནི་ལྗོངས་ཡོངས་ཀྱི་མི་དམངས་ཀྱིས་སེམས་ཁུར་དང་དོ་ཁུར་ཧ་ཅང་ཆེན་པོ་བྱེད་པའི་དམངས་འཚོའི་གནད་དོན་གལ་ཆེན་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཀྱང་རེད། དེས་ན་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གསོ་སློབ་ཁྲིད་ཀྱི་ལས་འགན་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དེ“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་ཞིག་ཏུ་བརྩི་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་གནད་དོན་རྙོག་འཛིང་ཆེ་ཙམ་ལ་བསམ་གཞིག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དེ་བས་ཆ་ཚང་པོ་དང་། ཞིབ་ཚགས་པོ། ཏན་ཏིག་ཡོང་བ་བཅས་བྱས་ཏེ། བདེ་འཇགས་ལྡན་པ་དང་། གོ་རིམ་ལྡན་པ། འཕྱུགས་པ་མེད་པ་བཅས་ཀྱི་སྒོ་ནས་སློབ་འགོ་འཛུགས་ཐུབ་པ་དང་སློབ་ཚན་སླར་གསོ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། སློབ་གྲྭ་གཅིག་ལ་ཐབས་ཇུས་གཅིག་ཡོད་པ་བྱེད་དགོས་ཤིང་། ནུས་ཤུགས་ཡོད་རྒུས་རིམས་འགོག་དངོས་རྫས་མཁོ་སྤྲོད་འགན་ལེན་བྱེད་པ་དང་། དགེ་སློབ་ཀྱི་གཟུགས་གཞིའི་གནས་ཚུལ་གསལ་པོ་ཤེས་པར་བྱེད་པ། དེ་བཞིན་ཚ་བ་ལྟ་བ་དང་། ཁ་རས་རྒྱག་པ། རླུང་འགྲོ་ཡག་པོ་ཡོང་བར་བྱེད་པ། གཙོ་གནད་ཁུལ་ལ་དུག་སེལ་བྱེད་པ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས་སློབ་གྲྭའི་ཁོར་ཡུག་གཙང་སྦྲ་དོད་པོ་ཡོང་བ་བྱེད་དགོས། སློབ་གྲྭའི་ནང་འགྲོ་འོང་བྱེད་མཁན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྱིམ་ཚང་དང་སློབ་གྲྭས་མཉམ་འབྲེལ་དང་ཐུན་མོང་ཐོག་སློབ་མའི་འགོག་སྲུང་ལས་དོན་ལེགས་པར་སྒྲུབ་དགོས། དགེ་སློབ་ལ་འཚང་གཡོལ་གྱིས་ཟ་མ་བཟའ་རྒྱུ་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ་དང་། ལུགས་མཐུན་ངང་ཞག་སྡོད་བྱེད་དུ་འཇུག་པ། སློབ་ཁང་ཕྱི་རོལ་གྱི་བྱེད་སྒོ་འཚང་གཡོལ་ངང་སྤེལ་བ་བཅས་བྱས་ནས་བདེ་འཇགས་ལྡན་པའི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་ལ་དམིགས་དགོས་ཤིང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱ་ཆེའི་དགེ་སློབ་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་མྱོང་ཚོར་ཐུབ་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བྱེད་ཐབས་དང་གྲུབ་འབྲས་རབ་དང་རིམ་པ་ཤེས་རྟོགས་ཐུབ་པ། ཏང་གི་འགོ་ཁྲིད་འོག་གི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མྱོང་ཚོར་ཐུབ་པ་བཅས་བྱས་ནས་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་གསོ་སྐྱོང་བྱེད་དགོས། ཏང་གི་བཀའ་དྲིན་དྲན་པའི་སློབ་གསོ་སྤེལ་དགོས་ཤིང་། སློབ་མའི་ཉེ་འཁོར་དུ་བྱུང་བའི་འཕེལ་རྒྱས་གསར་པ་དང་། འཕོ་འགྱུར་གསར་པ། འཚོ་བ་གསར་པ་བཅས་བགྲངས་ཏེ། མི་རིགས་ཁག་གི་སློབ་མར“ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་པ”དང་། མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་དགོས་ལུགས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་ལུགས་བཅས་ཤེས་རྟོགས་གཏིང་ཟབ་ཐུབ་པའི་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་ཕྲུ་གུ་ཚོའི་སེམས་ནང་གཏིང་ཟབ་ཟུག་པ་བྱས་ནས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་གཞི་ལོན་པའི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས། རིམ་ཁག་ཏང་ཨུད་ལ་བློ་བརྟན་འགྱུར་མེད་ངང་ཁོངས་གཏོགས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། འགོ་ཁྲིད་གཙོ་བོ་སྐུ་ངོ་མས་བཀོད་སྒྲིག་བྱས་ཏེ་འཐབ་ས་དང་པོར་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་སྐྱོད་དགོས་པ་དང་། སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་སློབ་འགོ་འཛུགས་པ་དང་། སློབ་ཚན་སླར་གསོ་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་མིག་སྔའི་དོན་ཆེན་ཨང་དང་པོར་བརྩིས་ནས་མཛུབ་ཁྲིད་ལ་ཤུགས་སྣོན་དང་སྤྱི་འདོམས་དོ་དམ་བྱེད་དགོས། རིམ་ཁག་སློབ་གྲྭས་དོན་འཁྱོལ་བྱེད་སྟངས་ཞིབ་ཚགས་སུ་བཏང་སྟེ། བྱེད་ཐབས་ཁག་སློབ་གྲྭ་དང་དགེ་སློབ་རྣམས་ལ་དོན་འཁྱོལ་གནད་སྨིན་ཡོང་བར་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་སློབ་འགོ་འཛུགས་པ་དང་། སློབ་ཚན་སླར་གསོ་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།


འགན་ཁུར་རྩོམ་སྒྲིག བསྟན་ནོར།

བཤེར་ནས་ལག་ཐོགས་ཁ་པར་གྱི་ཁ་ཕྱེ།