མིག་སྔའི་གནས་ས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། / ཚ་གནད་འོས་སྦྱོར།

༄༅།།ཚེ་རིང་རྡོ་རྗེའི་ཕྱུག་འགྱུར་ལམ་བུ།

ཁྱབ་བསྒྲགས་དུས་ཚོད། 2020-05-12 16:19
ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ།
ཆེ། འབྲིང་།ཆུང་།

“ཉིན་ཤས་གོང་ནང་སའི་ཚོང་ཤག་ལ་སྤོས་སྒམ་6བཙོངས་པའི་དངུལ་དེ་དག་དེ་རིང་འབྱོར་བྱུང”ཞེས་ལོ་48ལ་སླེབས་པའི་ཚེ་རིང་རྡོ་རྗེས་རང་ཉིད་ཀྱི་རྩིས་ཁྲའི་ནང་མང་དུ་སོང་བའི་སྒོར་6000ལ་ལྟ་བཞིན་ངོ་གདོང་ནས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར།

ཚེ་རིང་རྡོ་རྗེའི་ཁྱིམ་ནི་ལྷ་ས་གྲོང་ཁྱེར་ནས་ལམ་ཐག་སྤྱི་ལེ་140ལྷག་ཙམ་གྱིས་ཆོད་པའི་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་དུ་གནས་ཤིང་། ཁོང་ཚོ་མི་རབས་ནས་མི་རབས་བར་སྤོས་བཟོ་མཁན་རེད། ཤོད་རྒྱུན་ལ་གནས་དེའི་སྤོས་ཀྱི་བཟོ་རྩལ་ནི་བོད་ཡིག་གསར་གཏོད་པ་ཐོན་མི་སམ་བྷོ་ཊས་ཧིན་རྡུའི་བདུག་སྤོས་ལག་རྩལ་གཞིར་བཟུང་གསར་བཟོ་བྱས་པ་ཞིག་ཡིན་ཞིང་། ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།

ཚེ་རིང་རྡོ་རྗེ་ལོ་བཅུ་དྲུག་བཅུ་བདུན་ཙམ་ནས་པཱ་ལགས་ཀྱི་དྲུང་ནས་སྤོས་བཟོ་སྟངས་སྦྱངས་ཤིང་། ལོ་22ལ་གཉེན་སྒྲིག་བྱས་རྗེས་པཱ་ལགས་ཀྱི་དྲུང་ནས་སྤོས་བཟོ་བའི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཡོད་ལ་ད་ཆ་ཁོང་ནི་གནས་དེར་སྐད་གྲགས་ཆོད་པའི་སྤོས་བཟོ་བ་དང་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད།

སྤོས་བཟོ་བར་རྒྱུ་ཆ་འདེམས་པ་དང་། ཆུར་སྦོང་བ། པགས་པ་བཤུ་བ་བཅས་ནས་ཐོན་རྫས་ཐུམ་སྒྲིལ་རྒྱག་པའི་བར་བཟོ་རིམ་བཅུ་ཕྲག་བརྒྱུད་དགོས་པས་གཟའ་འཁོར་གཅིག་གི་གཡས་གཡོན་འགོར་གྱི་ཡོད། ཚེ་རིང་རྡོ་རྗེས་བཟོ་ཐེངས་གཅིག་ལ་སྤོས་རྐང་ཁྲི་གཅིག་ནས་གཉིས་བར་བཟོ་ཐུབ་ཀྱི་ཡོད་ཅེས་བརྗོད།

སྙེ་མོའི་སྤོས་ནི་ཁྱད་དུ་འཕགས་པའི་བཟོ་རྩལ་དང་རང་བྱུང་ལྷད་མེད་ཀྱི་སྦྱོར་རྟ་བྱེད་སྟངས་ལས་སྐད་གྲགས་ཆོད་པ་དང་ཁྲོམ་རའི་ཐོག་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད། འོན་ཀྱང་ཚེ་རིང་རྡོ་རྗེ་ཆུང་དུས་སུ་ཁོང་ཚོའི་ཁྱིམ་གྱིས་བཟོས་པའི་སྤོས་དག་ཉེ་འགྲམ་གྱི་གྲོང་ཚོར་འཚོང་གི་ཡོད་པ་ལས་ཁྱིམ་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་ཞིང་ལས་ཡིན་པས་འཚོ་བའི་ཆ་རྐྱེན་སྐྱོ་ཙམ་ཡོད།

“ང་ལོ་7ཙམ་ལ་སླེབས་སྐབས་ཨ་མ་གྲོངས་པས་ཁྱིམ་གྱི་ངལ་ནུས་དཀོན་པོ་ཆགས་ཡོད”ཅེས་ཚེ་རིང་རྡོ་རྗེས་དྲན་གསོ་བྱེད་བཞིན་བརྗོད་པ་དང་། ང་ལོ་ན་ཧ་ཅང་ཆུང་དུས་ནས་ཞིང་ནང་དུ་ཞིང་ལས་བྱེད་པར་བསྐྱོད་དགོས་པ་དང་ཕྱིས་སུ་སྤོས་ཀྱང་བཟོ་དགོས་པས་སློབ་གྲྭར་འགྲོ་ཁོམ་མ་བྱུང་། དེ་ནི་ངའི་མི་ཚེ་གཅིག་གི་གནོང་འགྱོད་ཆེ་ཤོས་དེ་ཡིན་ཞེས་བརྗོད།

གཉེན་སྒྲིག་བྱས་རྗེས་ཁོང་གིས་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད་རང་ཉིད་ཀྱིས་བཟོས་པའི་སྤོས་དག་ཁྱེར་ཏེ་ལྷ་སའི་ཚོང་ཁང་ཚང་མར་འཚོང་བར་ཡོང་། ཁོང་གིས“སྐབས་དེ་དུས་སྤོས་དེ་དག་བཙོངས་ནས་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས་སྙམ་བྱུང་། ལོ་མང་འབད་བརྩོན་བྱས་པ་བརྒྱུད་རང་ཉིད་དང་མཉམ་ལས་བྱེད་མཁན་གྱི་ཚོང་ཤག་ཇེ་མང་དུ་ཕྱིན་སོང”ཞེས་བཤད།

ཧུའུ་ནན་ནས་ཡིན་པའི་ལི་ཧའེ་པིང་ནི་ཚེ་རིང་རྡོ་རྗེའི་ཚོང་ཤག་གི་གྲས་ཤིག་ཡིན་ཞིང་། 2011ལོའི་དབྱར་ཁར་ལི་ཧའེ་པིང་བོད་དུ་ཡུལ་སྐོར་ལ་ཡོང་སྐབས་ཚེ་རིང་རྡོ་རྗེས་བཟོས་པའི་སྤོས་ཤིག་ཉོས་པ་དང་ནང་སར་སླེབས་རྗེས་རང་ཉིད་ཀྱི་གྲོགས་པོར་ལག་རྟགས་ལ་སྤྲད་པས་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པས། ཁོང་གིས་ཚོང་ལས་ཀྱི་གོ་སྐབས་ཤིག་ཡིན་པ་ཚོར་ཏེ། 2014ལོར་སླར་ཡང་བོད་དུ་ཡོང་ནས་ཚེ་རིང་རྡོ་རྗེའི་ཁྱིམ་དུ་བསྐྱོད་དེ་ཁོང་གི་མིང་ཐོག་ནས་ཐའོ་པའོ་དྲ་ཐོག་ཚོང་ཁང་གཉེར་རྒྱུའི་བསམ་ཚུལ་བཏོན་པ་དང་དེ་རྗེས་ཁོང་གཉིས་མཉམ་ལས་བྱེད་འགོ་ཚུགས།

ད་ཆ་ཚེ་རིང་རྡོ་རྗེས་ཟླ་གཅིག་ནང་སྤོས་སྒམ་10ཙམ་བཙོངས་པར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོད་པས། སྤོས་ནི་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད།

ཚེ་རིང་རྡོ་རྗེའི་པཱ་ལགས་དང་། གཅུང་པོ། བཟའ་ཟླ། ཕྲུ་གུ་གཉིས་བཅས་ནང་མི་དྲུག་རྒྱ་ཁྱོན་ལ་སྨི་ངོས་གྲུ་450ལྷག་ཙམ་དང་ཁྱོན་ཁང་མིག་13ཡོད་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པའི་ནང་འཚོ་བ་སྐྱེལ་བཞིན་ཡོད། ཁོང་གིས་གསར་འགོད་པར་སྡོད་ཁང་འདི་ནི་2017ལོར་སྒོར་ཁྲི་50ལྷག་ཙམ་བཏང་ནས་གསར་དུ་བརྒྱབ་པ་ཞིག་ཡིན་ཞིང་། དངུལ་དེ་དག་ནི་སྤོས་བཙོངས་ནས་བྱུང་བ་ཤ་སྟག་རེད་ཅེས་བརྗོད།

ཚེ་རིང་རྡོ་རྗེ་ནི་སྤོས་བཟོ་བའི་ལག་རྩལ་གྱི་རྒྱུན་འཛིན་པ་ཞིག་རེད་ལ་ཕན་པ་ཐོབ་མཁན་ཞིག་ཀྱང་རེད། ཁོང་གིས“ངའི་བུ་ཆེན་པོ་ཆགས་རྗེས་སྤོས་བཟོ་བའི་ལག་རྩལ་རྒྱུན་འཛིན་བྱེད་དུ་བཅུག་ནས་གནའ་བོའི་རིག་གནས་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད།

འགན་ཁུར་རྩོམ་སྒྲིག མཁའ་འགྲོ།

བཤེར་ནས་ལག་ཐོགས་ཁ་པར་གྱི་ཁ་ཕྱེ།